བོད་ཀྱི་དཔའ་བོ་དང་དཔའ་མོ།
[“Tribute to the martyrs” Guest post by Tenzin Norzin. College for Higher Tibetan Studies Sarah]
༼ རྒྱལ་གཅེས་དཔའ་བོ་ཚོར་གུས་དུད་ཞུ། ༽
ཉིན་ཆར་བྱུང་དང་འབྱུང་བཞིན་པའི་བོད་ནང་གི་དོན་རྐྱེན་ཡ་ང་དེ་དག་ཐོས་འཕྲལ་བདག་གི་སེམས་པ་ཚ་ཤུར་ཤུར་དང་ལྷན་དུ་སྙིང་རྗེ་དང་སྤོབས་པའི་ཚོར་སྣང་འདྲེས་མ་ཞིག་གིས་བཟུང་སོང་།
ཕྱོགས་གཅིག་ནས་བལྟས་ན་དལ་འབྱོར་མི་ལུས་ཀྱི་གྱོང་གུད་ཡིན་པས་ཕངས་སེམས་ངང་གིས་སླེབས་ཆོག ཟུར་གཞན་ཞིག་ནས་མནོ་བསམ་བགྱིས་ཚེ་ཆེས་བླ་ན་མེད་པའི་དོན་རྩ་སྟེ། མི་རིགས་དང་རང་དབང་གི་རིན་ཐང་མཐོར་འདེགས་ལ་ཚེ་སྲོག་གི་ལེགས་སྐྱེས་ཞིག་ཀྱང་ཕུལ་ཡོད་བསམས།
དེ་བས་རྩམ་གཟན་བོད་མི་ཡོངས་ཀྱིས་ཤ་ཁྲག་གཅིག་པའི་དཔའ་བོ་ཚོ་ལ་གདུང་སེམས་མཉམ་སྐྱེས་དང་རྗེས་དྲན་ཞུ་ངེས་པས། དེ་ལྟར་བྱས་དང་བྱེད་བཞིན་མཆིས། བདག་གིས་ཀྱང་ལག་ཏུ་ཐོགས་པའི་མར་མེ་རྐང་གཅིག་དེས་ཁོང་ལ་བདེ་སྐྱིད་ཀྱི་འོད་སྣང་ཞིག་ཐོབ་པ་དང་ལྷག་བསམ་རྣམ་དག་གི་ཁ་འདོན་དགེ་སྦྱོར་གྱི་མ་ཎི་རེ་རེས་ཁོང་དང་ཁོང་བདེ་ནས་བདེ་བར་བྱོན་པའི་སྨོན་འདུན་ཞུ།
ཞིབ་ཏུ་འདང་ཞིག་བརྒྱབས་ན། ང་ཚོ་ནམ་རྒྱུན་ཟུག་གཟེར་ཆུང་ཆུང་ཞིག་གི་སྡུག་བསྔལ་ཡང་བཟོད་མི་ནུས་པས། ཁོང་ཚོས་ཤ་ཁྲག་རུས་བཅས་ཀྱིས་བསྒྲུབས་པའི་སྐུ་ལུས་ཡོངས་རྫོགས་མེ་ལྷར་མཐའ་གཅིག་ཏུ་འདི་ལྟར་སྦྱིན་པ་ནི་ཅི་འདྲའི་བློ་ཡུལ་ལ་ཤོང་དཀའ་བའི་མཛད་རྗེས་རླབས་ཆེན་ཞིག་ཡིན་པ་གདོན་མི་ཟ།
གང་ལྟར་ད་ལེན་ཁོང་ཚོས་གནང་བ་འདི་ཆུད་ཟོས་སུ་འགྲོ་བ་མིན་ཏེ། ཆེ་ས་ནས་གོ་ལ་ཧྲིལ་བོར་བརྡ་ཞིག་སྦྲན་ཡོད་ལ། སྒོས་སུ་བོད་མི་རེ་རེའི་ཁྲག་རྩའི་སྦུབས་སུ་མི་རིགས་དང་རང་དབང་གི་ངར་ཤུགས་བསླངས་པས་འདུ་ཤེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད་པར་སྙམ།
————བསྟན་འཛིན་ནོར་འཛིན། <གསེར་སྡོམ།> ༡༢།༡༠།༢༠༡༡
College for Higher Tibetan Studies, Sarah.